འོས་བསྡུ་ལས་ཁང་ནས་ས་གནས་འོས་བསྡུའི་འགན་འཛིན་རྣམས་ལ་ཟབ་སྦྱོང་གནང་བ།

ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༢༡ རེས་གཟའ་མིག་དམར། 

༄༅། །འདི་ག་འོས་བསྡུ་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༡༨ ཉིན་རྒྱབ་ནས་ཚེས་ ༡༩ བར་ཉིན་གྲངས་གཅིག་དང་ཕྱེད་ཀའི་རིང་དྷ་ས་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་དབུས་འོས་བསྡུ་ལས་ཁང་ནས་ཟབ་སྦྱོང་ཞིག་གོ་སྒྲིག་ཞུས་ཡོད།

དེ་ཡང་ཟབ་སྦྱོང་དངོས་སུ་དབུ་འཛུགས་མ་གནང་གོང་ལས་བྱེད་འདེམས་ལྷན་གྱི་དྲུང་ཆེ་དང་དབུས་འོས་བསྡུ་ལས་ཁང་གི་ལས་འགན་གཅིག་ལྕོགས་ཚེ་རིང་དབྱངས་སྐྱིད་ལགས་ནས་ཟབ་སྦྱོང་དུ་ཕེབས་པའི་ས་གནས་འོས་བསྡུའི་འགན་འཛིན་རྣམས་ལ་དགའ་བསུའི་འཚམས་འདྲི་ཞུ་དང་སྦྲགས།  ཟབ་སྦྱོང་གི་དགོས་པ་དམིགས་ཡུལ་བཅས་འགྲེལ་བརྗོད་གནང་།

དེ་ནས་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་ཤོ་ཟུར་བསོད་ནམས་ཆོས་འཕེལ་ལགས་ཀྱིས། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པ་དང་བདུན་པ་སོ་སོར་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞིར་བསྐྱར་བཅོས་གནང་བ་དེ་དག་རེ་རེ་བཞིན་གསལ་བཤད་ཟབ་རྒྱས་གནང་འདུག ཕྱོགས་མཚུངས་ས་གནས་འཐུས་ཚོགས་ཀྱི་ཚོགས་མི་དང་། ས་གནས་འགོ་འཛིན། ས་གནས་འོས་བསྡུའི་ཚོགས་མི། བོད་རང་དབང་བདེན་པའི་ལས་འགུལ་གྱི་ཚོགས་མི་བཅས་ཀྱི་འོས་འདེམས་བྱེད་ཕྱོགས་ཀྱི་རྩ་འཛིན་ལམ་སྟོན་ཐོག་ལ་ཡང་ཟབ་ཁྲིད་གནང་ཡོད་འདུག

ཐེངས་འདིར་ཟབ་སྦྱོང་ནང་ས་གནས་འོས་བསྡུའི་འགན་འཛིན་ཁྱོན་བསྡོམས་ ༤༡ ཕེབས་ཡོད་པ་མ་ཟད། སྒྲིག་གཞི་དང་འབྲེལ་བའི་དྭོགས་འདྲི་དང་། བགྲོ་གླེང་། དགོངས་འཆར་ལྷུག་པོ་བྱུང་ཐོག་ཟབ་སྦྱོང་དོན་སྙིང་ལྡན་པ་ཞིག་བྱུང་འདུག  ཟབ་སྦྱོང་བ་རྣམས་ལ་༸རྒྱལ་བའི་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་དང་དབུས་འོས་བསྡུ་ལས་ཁང་ཐུན་མོང་གིས་གོ་སྒྲིག་ཞུས་པའི་བོད་ཀྱི་ཟློས་གར་ནས་རིག་གཞུང་འཁྲབ་སྟོན་དང་། དེ་བཞིན་གསོལ་ཚིགས་རྒྱས་པ་ཞིག་ཀྱང་ཕུལ་ཡོད་པ་བཅས། །

Related Posts

keyboard_arrow_up