བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་། སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ཀྱི་འོས་བསྡུའི་གྲུབ་འབྲས་ཀྱི་གསར་འགོད་གསལ་བསྒྲགས་སྤེལ་བ།

༢༠༡༦ ཟླ་ ༤ ཚེས་ ༢༧ རེས་གཟའ་ལྷག་པ།

༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༤ ཚེས་ ༢༧ རེས་གཟའ་ལྷག་པའི་སྔ་དྲོ་ཆུ་ཚོད་ ༩།༤༠ ཙམ་ལ་བོད་མིའི་སྒྲིག་འཛུགས་ཀྱི་དབུས་འོས་བསྡུའི་ལས་ཁང་གི་འོས་བསྡུའི་འགན་འཛིན་ཤོ་ཟུར་བསོད་ནམས་ཆོས་འཕེལ་མཆོག འོས་བསྡུའི་འགན་འཛིན་ལས་འཕར་དགེ་བཤེས་བསྟན་པ་བཀྲ་ཤིས་ལགས་དང་བསྟན་འཛིན་ཆོས་འཕེལ་ལགས་བཅས་དབུ་བཞུགས་ཐོག ཕྱི་ནང་གི་གསར་འགོད་པ་རྣམས་ལ་ཐེངས་འདིའི་སྲིད་སྤྱི་གཉིས་ཀྱི་དངོས་གཞིའི་འོས་བསྡུའི་གྲུབ་འབྲས་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་སྤེལ་ཡོད། དེ་ཡང་ཐོག་མར་དབུས་འོས་བསྡུའི་འགན་འཛིན་ཤོ་ཟུར་བསོད་ནམས་ཆོས་འཕེལ་མཆོག་གིས་ངོ་སྤྲོད་གནང་དོན།

སྤྱིར་བཙན་བྱོལ་བོད་མི་ཆིག་འབུམ་ལྔ་ཁྲི་ཙམ་ཡོད་པ་ལས་ད་ལམ་འོས་འཕེན་པའི་མིང་གཞུང་དེབ་འགོད་བྱེད་མཁན་ ༩༠༣༧༧ བྱུང་ཡོད་པའི་ནང་ནས་འོས་དངོས་སུ་འཕེན་མཁན་རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་ཡུལ་གྲུ་ཁག་བཅས་ནས་སྲིད་སྐྱོང་ལ་འོས་འཕེན་པ་ ༥༩༣༥༣ བྱུང་འདུག་པ་ནས་འོས་རྩིས་མེད་ ༦༡༣ དང་། བོད་མི་མང་སྤྱི་འཐུས་ལ་ ༥༨༦༡༥ བྱུང་བ་ནས་རྩིས་མེད་ ༥༩༡ བཅས་སྔར་ལས་འོས་འཕེན་ཇེ་མང་དུ་སོང་ཡོད།

འོས་སྒྲིག་དོན་ཚན་ ༦༧ ནང་གསེས་ ༥ གསལ་བསྒྲགས་བྱས་པའི་དངོས་གཞིའི་འོས་གཞིར་མང་ཚོགས་ནས་གསང་བའི་འོས་ཤོག་མང་ཤོས་ཐོབ་པ་དེ་སྲིད་སྐྱོང་ལ་འདེམས་ཐོན་བྱུང་བར་གསལ་བསྒྲགས་ཞུ་རྒྱུ་ཞེས་པ་ལྟར། སྲིད་སྐྱོང་གི་འོས་གཞི་གཉིས་ནས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་ལས་ཐོག་སྤེན་པ་ཚེ་རིང་མཆོག་ལ་འོས་གྲངས་ ༢༤༨༦༤ དང་། ད་ལྟའི་སྲིད་སྐྱོང་ལས་ཐོག་བློ་བཟང་སེང་གེ་མཆོག་ལ་འོས་གྲངས་ ༣༣༨༧༦ ཐོབ་ཡོད་པས་སླར་ཡང་སྲིད་སྐྱོང་དུ་འདེམས་ཐོན་བྱུང་བར་བོད་མིའི་སྒྲིག་འཛུགས་ཀྱི་དབུས་སའི་འོས་བསྡུ་ལས་ཁང་གི་འགོ་ལས་ཡོངས་ནས་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

འོས་སྒྲིག་དོན་ཚན་ ༥༡ ནང་གསེས་ ༡ ནང་གསལ་ཐོབ་ཁུངས་སོ་སོའི་ཁོངས་ནས་འོས་གྲངས་མང་རིམ་རྩེ་བཏོག་གིས་ཆོལ་ཁ་རེར་ཕོ་མོ་ཁྱད་མེད་བཅུ་རེ་དང། ཆོས་བརྒྱུད་སོ་སོར་མི་གྲངས་གཉིས་རེ། ཡུ་རོབ་དང་ཨ་ཕི་རི་ཀའི་ཁུལ་དུ་མི་གྲངས་གཉིས། ལྷོ་བྱང་ཨ་རི་ཁུལ་དུ་མི་གྲངས་གཉིས། རྒྱ་བལ་འབྲུག་གསུམ་ཕུད་པའི་ཨེ་ཤི་ཡ་དང་ཨོ་སེ་ཀྲེ་ལེ་ཤི་ཡའི་ཁུལ་དུ་མི་གྲངས་གཅིག་བཅས་བོད་མི་མང་སྤྱི་འཐུས་གྲངས་ ༤༥ འོས་འདེམས་བྱུང་བ་རྣམས་ལ་བོད་མིའི་སྒྲིག་འཛུགས་ཀྱི་དབུས་སའི་འོས་བསྡུ་ལས་ཁང་གི་འགོ་ལས་ཡོངས་ནས་འཚམས་འདྲི་དང་བཀྲིས་བདེ་ལེགས་ཞུ་བ་དང་སྦྲགས་རིམ་པས་སྤྱི་འཐུས་རྣམ་པའི་འོས་བསྡུའི་གྲུབ་འབྲས་སྙན་སྒྲོན་ཞུ་རྒྱུ། ཞེས་གསལ་བསྒྲགས་སྤེལ་རྗེས་འོས་བསྡུའི་གྲུབ་འབྲས་སྒྲོགས་སྦྱང་གནང་བའི་ནང་གསལ།

སྲིད་སྐྱོང་འོས་བསྡུའི་གྲུབ་འབྲས།

ཆོལ་ཁའི་སྤྱི་འཐུས་འོས་བསྡུའི་གྲུབ་འབྲས།

ཆོས་བརྒྱུད་དང་ལྷོ་བྱང་ཨ་རི། ཡུ་རོབ་དང་ལྷོ་ཨ་ཕི་རི་ཁ། རྒྱ་བལ་འབྲུག་གསུམ་ཕུད་པའི་ཨེ་ཤི་ཡ་དང་ཨོ་སི་ཀྲེ་ལེ་ཤི་ཡ་ཁུལ་བཅས་ཀྱི་སྤྱི་འཐུས་འོས་བསྡུའི་གྲུབ་འབྲས།

DSC_1303དེ་རྗེས་འོས་བསྡུའི་འགན་འཛིན་མཆོག་ནས་མུ་མཐུད་གསལ་བཤད་གནང་དོན།

ད་ལམ་གྱི་འོས་བསྡུའི་གནས་ཚུལ།

ཕྱི་ལོ་༢༠༡༥ ཟླ་ ༦ ཚེས་ ༦ ཉིན་དབུས་འོས་བསྡུའི་འགན་འཛིན་ལས་འཕར་རྣམ་གཉིས་ཀྱིས་ལས་འཁུར་དམ་འབུལ་ཞུས། ཕྱི་ཚེས་ ༡༠ ཉིན་འོས་བསྡུའི་ལས་རིམ་དབུ་འཛུགས་ཀྱི་གསལ་བསྒྲགས་བསྐྱངས་པ་ནས་བཟུང་དེ་རིང་གི་བར་ཟླ་གྲངས་བཅུ་དང་ཉིན་གྲངས་བཅུ་བདུན་ཕྱིན་ཡོད་པས་དུས་ཡུན་དེའི་ནང་འོས་བསྡུ་ཆེན་མོ་དང་འབྲེལ་བའི་གནས་ཚུལ་སྙིང་བསྡུས་ཤིག་ཞུ་རྒྱུར།

དང་པོ། དབུས་འོས་བསྡུ་ལས་ཁང་ནས་འོས་བསྡུའི་ལས་རིམ་ཡོངས་རྫོགས་གཏན་འབེབས་དང་། འོས་འཕེན་པའི་མིང་གཞུང་དེབ་འགོད་བྱེད་ཕྱོགས་ཀྱི་ལམ་སྟོན། ས་གནས་འོས་བསྡུའི་འགན་འཛིན་དང་ཚོགས་མི་སོགས་ལ་འོས་བསྡུའི་སྒྲིག་གཞིའི་ཐད་ཟབ་སྦྱོང་དང་བགྲོ་གླེང་གོ་སྒྲིག དེ་བཞིན་དབུས་འོས་བསྡུའི་འགན་འཛིན་རྣམ་པ་གསུམ་བོད་མིའི་གནས་ཡུལ་ས་གནས་ཆ་བགོས་ཀྱིས་
མང་ཚོགས་ལ་འོས་བསྡུ་དང་འབྲེལ་བའི་བྱེད་སྒོའི་ལམ་སྟོན་སོགས་ཀྱི་ཆེད་ཕྱོགས་བསྐྱོད་དང་། དེ་འབྲེལ་བརྒྱུད་ལམ་ཁག་ནང་བགྲོ་གླེང་དང་ལམ་སྟོན་ཞུ་སྒོ་གང་ནུས་ཞུས། ལྷག་པར་གང་ཟག་གི་དབང་སྒྱུར་དུ་མི་འགྲོ་བར་ཁྲིམས་ཀྱི་དབང་སྒྱུར་འོག་གནས་ཐབས་སུ་འོས་སྒྲིག་དོན་ཚན་ ༢༤ ནང་གསེས་ཁག་གི་འགྲེལ་བརྗོད་དང་། འགལ་འཛོལ་བྱུང་ཚེ་དོན་ཚན་ ༢༥ དགོངས་དོན་ལྟར་ཉེས་ཆད་གཏན་འབེབས་དང་གསལ་བསྒྲགས་ཞུས། གཞན་ཡང་འོས་བསྡུའི་ལས་རིམ་ནང་འོས་སྒྲིག་དང་ལམ་སྟོན་ཁག་ལ་གོ་བ་ལེན་སྟངས་དང་། འོས་བསྡུའི་འགན་འཛིན་རྣམ་པར་བཅའ་ཁྲིམས་དང་འོས་སྒྲིག་གི་འགན་བཀུར་བཀའ་ལུང་གང་ཡོད་ཇི་བཞིན་མ་རྟོགས་པ་སོགས་ལ་བརྟེན་ནས་ཞུ་སྙན་ཕུལ་འབྱོར་ཁག་ལ་དགོས་ངེས་ལམ་སྟོན་གསལ་བཤད་ཞུ་སྒོ་གང་ཐུབ་ཞུས།

གཉིས་པ། སྲིད་སྤྱི་གཉིས་ཀྱི་འོས་མིར་རང་འགུལ་གྱི་དང་བླངས་བྱེད་མཁན་སྔར་ལྷག་མང་པོ་བྱུང་བ་དང། རྒྱ་ཆེའི་མང་ཚོགས་ནས་དོ་སྣང་ཆེན་པོ་གནང་བ། འོས་སྔོན་འགྲོ་དང་དངོས་གཞིའི་གསལ་བསྒྲགས་ཟིན་རྗེས་འོས་གཞིར་ཞུགས་མཁན་དང་། ཕྱོགས་གཏོགས་སོ་སོས་དྲིལ་བསྒྲགས་བྱེད་སྟངས། ལྷག་པར་སྤྱི་ཚོགས་དྲ་ལམ་ཁག་ཏུ་ཆ་ཤས་ལེན་མཁན། དེ་སྔ་ལས་དེབ་སྐྱེལ་དང་འོས་འཕེན་གྲངས་ཀ་མང་བ་བྱུང་ཡོད་པ་ནི་ལེགས་པའི་ཕྱོགས་ལ་ངོས་འཛིན་བྱེད་ཀྱི་ཡོད། འོས་བསྡུའི་ལས་རིམ་ཁྲོད་ལྟ་ཕྱོགས་ལང་ཕྱོགས་འཁྱེར་སྟངས་དང་། བཅའ་ཁྲིམས་དང་། འོས་སྒྲིག་ནང་དོན་ཇི་བཞིན་མ་རྟོགས་པ་དང་རང་གི་འདོད་བློ་ཁེངས་མིན་སོགས་ཀྱི་དབང་གིས་ཞུ་གཏུགས་སྙན་ཞུ་འབུལ་མཁན་མང་པོ་བྱུང་ཡོད་ནའང་། འོས་སྒྲིག་དང་དངོས་སུ་འགལ་བའི་བདེན་དཔང་དངོས་ར་འཕྲོད་པའི་ཞུ་གཏུག་བྱེད་མཁན་མ་བྱུང་བར་བརྟེན། དབུས་ས་གཉིས་ནས་ཁྲིམས་འགལ་ཉེས་ཆད་གཅོད་དགོས་པ་དེ་འདྲ་མ་བྱུང་བར་འོས་བསྡུའི་ལས་རིམ་མཐའ་དག་སྔར་ནས་གཏན་འབེབས་བྱས་པ་ལྟར་འགྲོ་ཐུབ་པ་བྱུང་བ་ནི་དེ་བས་ཀྱང་ལེགས་པའི་ཕྱོགས་ལ་ངོས་འཛིན་ཞུ་ཡི་ཡོད།

གསུམ་པ། སྤྱིར་རྒྱ་གཞུང་དམར་ཤོག་ལྟ་བུ་དབང་ཆ་གཅིག་སྡུད་ཅན་གྱི་རྒྱལ་ཁབ་མ་ཡིན་པའི་མང་གཙོ་ཅན་གྱི་རྒྱལ་ཁབ་ཁག་གི་ནང་འོས་བསྡུ་བྱེད་སྐབས། རྒྱལ་ཁབ་རང་གི་མ་འོངས་ལས་འཆར་དང་བྱེད་ཐབས་སོགས་དམིགས་འབེན་དུ་བཟུང་སྟེ་བགྲོ་གླེང་བྱེད་ཀྱིན་ཡོད། མང་གཙོ་ཅན་གྱི་ལུང་པ་གང་ཞིག་ལ། མང་གཙོའི་གོ་རྟོགས་དང་ཤེས་ཡོན་དམན་པའི་ནང་རྒྱལ་ཁབ་ཀྱི་ལས་འཆར་དང་ལས་དོན་བྱེད་ཕྱོགས་ལས་གང་ཟག་སྒེར་གྱི་མི་གཤིས་ཐོག་ལབ་གླེང་ཤུགས་ཆེར་འགྲོ་བའི་གནས་ཚུལ་ཡོང་གི་ཡོད་པ་བཞིན། ད་ལམ་བློ་ཕམ་པ་ཞིག་ལ། རང་རེའི་འོས་བསྡུ་འདིའི་སྐབས་སུ། འོས་མིར་རང་འགུལ་གྱིས་དང་བླངས་བྱེད་མཁན་དང་། འོས་གཞིར་ཞུགས་མཁན། ཕྱོགས་གཏོགས་བྱེད་མི་མི་ཉུང་བ་ཞིག་ནས་དྲིལ་བསྒྲགས་བྱེད་སྟངས། ཆ་ཤས་ལེན་སྟངས། ལྷག་པར་སྤྱི་ཚོགས་དྲ་ལམ་ཁག་ཏུ་འགན་མེད་འཆལ་གཏམ་སྣ་ཚོགས་སྤེལ་སྟངས། ད་དུང་འོས་བསྡུ་ལས་ཁང་ལ་ཁ་གཏད་ནས་དྲང་བདེན་དང་གཞི་འཛིན་མེད་པའི་གསར་འགོད་གསལ་བསྒྲགས་སྤེལ་བ་སོགས་ལ་བལྟས་ཡོང་དུས། ། བརྩི་བཀུར་དང་ཆེ་མཐོང་ཆུང་བ། བཀའ་དྲིན་ལ་བསམ་ཤེས་མེད་པ། རང་མཐོང་རང་ཤེད་དང་། དགོས་མེད་ཕྱོགས་ཞེན་ཆེ་བ་སོགས་ཀྱི་དབང་དུ་སོང་སྟེ་ཡང་དག་པའི་མང་གཙོའི་ཁྱད་ཆོས་དང་མཐུན་ཞིང་། བོད་མིའི་རྩ་དོན་སྒྲུབ་ཐབས་ལ་ཕན་པ། ལྷག་དོན་བོད་མིའི་བཟང་སྤྱོད་དང་ལྡན་པའི་སྒོ་ནས་ཆ་ཤས་ལེན་ཐུབ་མ་སོང་སྙམ་པའི་སེམས་འཚབ་དང་བློ་ཕམ་ཆེན་པོ་བྱུང་།

བཞི་པ། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་འདི་སེལ་ཐབས་སུ་མི་མང་གི་འོས་འདེམས་བྱས་པའི་དབུ་འཁྲིད་རྣམ་པ་གཙོ་བོར་གྱུར་བའི་རྒྱ་ཆེའི་མང་ཚོགས་ཡོངས་ནས་ད་ལམ་གྱི་ངན་ཕྱོགས་ཀྱི་གནས་ཚུལ་གང་བྱུང་ཐམས་ཅད་སེམས་གཏིང་ནས་གཏན་བརྗེད་བྱས་ཏེ། འཐབ་བརྩོད་པ་ཞིག་གི་ངོས་ནས་རང་བཙན་ཡོད་པའི་མང་གཙོའི་རྒྱལ་ཁབ་ནང་བཞིན་ལྟ་ཕྱོགས་ལང་ཕྱོགས་འདྲ་མིན་རྩོད་ནས་བསྡད་པ་ཡིན་ན་ཕན་ལས་གནོད་ཆེ་བ་དངོས་མཐོང་ལ་སོང། ད་རིང་ནས་བཟུང་མདུན་དུ་ལྷག་པའི་རྩ་དོན་ཁོ་ནའི་ཆེད་དུ་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྔ་ཕྱི་བར་གསུམ་ལ་གནང་བའི་བཀའ་སློབ་ལམ་སྟོན་ཁག་སྙིང་དུ་བཅངས་ཏེ་རྡོག་རྩ་ཆིག་བསྒྲིལ་དང་། ནུས་ཤུགས་གཅིག་སྤུངས། དབུ་འོག་དཔུང་འདེགས་སོགས་རང་འཁྲིའི་ལས་དོན་ཁག་ལ་སྒོ་གསུམ་གྱི་ནུས་པ་ཆེ་བསྐྱེད་ཡོང་བའི་རེ་སྐུལ་ནན་མོ་ཞུ་རྒྱུ་ཡིན།

DSC_1301

ལྔ་པ། རྒྱ་ཆེའི་མང་ཚོགས་ནས་འོས་འདེམས་བྱས་པའི་ཆབ་སྲིད་ཀྱི་དབུ་ཁྲིད་དེ་ཚོ་བོད་མིའི་རྩ་དོན་སྒྲུབ་མཁན་གྱི་སྲོག་ཤིང་ལྟ་བུ་ཡིན་སྟབས། འོས་འདེམས་བྱེད་ཕྱོགས་ཐད་དུས་ཀྱི་འགྱུར་འགྲོས་དང་བསྟུན་ནས་འོས་བསྡུའི་སྒྲིག་གཞིར་བསྐྱར་བཅོས་ཆེན་པོ་མང་དག་ཅིག་བྱེད་དགོས་པ་མཐོང་གི་འདུག དེ་ཡང་ད་ལམ་འོས་སྔོན་འགྲོ་དང་དངོས་གཞིའི་སྐབས་སོ་སོར་ཨེ་ཤི་ཡ་དམངས་གཙོ་འབྲེལ་མཐུད་ཁང་དང་ཨེ་ཤི་ཡ་རང་དབང་འོས་བསྡུའི་འབྲེལ་མཐུད་ཁང་གཉིས་ཀྱི་ཆེད་ཕེབས་སྐུ་ཚབ་རྣམ་པ་དང། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མི་ལས་གྲུབ་པའི་རྟོགས་ཞིབ་ཚོགས་ཆུང་བཅས་ནས་བཙན་བྱོལ་བོད་མིའི་འོས་བསྡུའི་ལས་རིམ་ལ་རྟོགས་ཞིབ་བགྱིས་པའི་བསམ་ཚུལ་དང་རང་རེའི་རྒྱ་ཆེ་མང་ཚོགས་ནས་དགོངས་ཚུལ་ཡོད་བསྡད་པ་ཁག་དང་། ལྷག་པར་ད་ལམ་གྱི་ཉམས་མྱོང་གཞི་རྩར་བཟུང་ནས་བསྐྱར་བཅོས་ཀྱི་ཐད་ལ་གོ་བསྡུར་ཞིབ་ནན་གྱིས་བསྐྱར་བཅོས་འཆར་འབུལ་ཞུ་འཆར་ཡོད།

དྲུག་པ། ད་ལམ་འོས་བསྡུའི་ལས་རིམ་ནང་འདི་གའི་འགན་འཛིན་གསུམ་གྱིས་གཙོས་དབུས་སའི་ལས་བྱེད་ཀྱི་སྣེ་མོར་གཏོགས་པ་ཚང་མས་ཁས་ལེན་དམ་བཅའ་དང་། ཁྲིམས་སྒྲིག་གང་ལ་འགལ་མེད་ཅེས་སྤོབས་པ་ཆེན་པོས་ཞུ་ཐུབ་ཀྱང་། མང་ཚོགས་བརྒྱ་ཆ་བརྒྱ་ཡི་ཐུགས་འདུན་སྐོང་ཐུབ་པ་བྱུང་མེད་པ་ཆོས་ཉིད་ལྟ་བུའི་འགྲོ་ལུགས་ཤིག་ཡིན་པས་ཐུགས་འདུན་མ་ཁེངས་པ་རྣམ་པར་བཟོད་གསོལ་ཞུ་བ་དང་འབྲེལ་འོས་བསྡུའི་ལས་རིམ་ཆ་ཚང་མཇུག་བསྒྲིལ་ཟིན་པར་བརྟེན། ད་ཉིན་ནས་འོས་བསྡུ་དང་འབྲེལ་བའི་ཞུ་གཏུག་རིགས་ལ་ཁྲིམས་སྒྲིག་གང་གི་ཆ་ནས་བདག་སྤྲོད་བྱ་ཐབས་མེད་པ་དེ་དོན་དགོངས་འཇགས་ཡོང་བ་ཞུ།

བདུན་པ། མཐའ་དོན་ད་ལམ་འོས་བསྡུའི་ལས་རིམ་འདིའི་གྲུབ་འབྲས་ནི་སྲིད་སྤྱི་གཉིས་ཀྱི་མི་གྲངས་ ༤༦ འདེམས་སྒྲུག་ལེགས་གྲུབ་བྱུང་བ་དེ་ཡིན་ཞིང་། གདམས་ཐོན་སྲིད་སྤྱི་གཉིས་བརྒྱུད་ནས་ལོ་ངོ་ལྔ་ཡི་རིང་བོད་མི་ས་ཡ་དྲུག་གི་སྙིང་དུ་བརྣག་པའི་བོད་མིའི་རྩ་དོན་དེ་བཞིན་གང་མྱུར་སྒྲུབ་ཐུབ་པ་དང་། དེ་ལ་བརྟེན་ནས་རང་ཅག་རྣམས་ཀྱི་མགོན་དང་དཔུང་གཉེན་དམ་པ་༸གོང་ས་༸རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་པ་མཆོག་གངས་ཅན་གྲུ་འཛིན་ཕོ་བྲང་པོ་ཏཱ་ལར་གདན་ཞུ་ཐུབ་པ་དང་། གཞིས་བྱེས་ལྷན་འཛོམས་ཀྱི་བཀྲ་ཤིས་པའི་དགའ་སྟོན་གྱི་དཔལ་ལ་ཅི་ནས་རོལ་ཐུབ་པའི་སྨོན་འདུན་ཤུགས་དྲག་དང་བཅས་ཀྱི་གསར་འགོད་གསལ་བསྒྲགས་སུ།

Final voter's turn ups

 

 

 

 

 

 

དབུས་འོས་བསྡུ་ལས་ཁང་ནས་ཕྱི་ལོ་ ༢༠༡༦ ཟླ་ ༤ ཚེས་ ༢༧ ལ།།

Related Posts

keyboard_arrow_up