དབུས་འོས་བསྡུའི་འགན་འཛིན་མཆོག་གིས་ཊོ་རོན་ཊོ་ས་གནས་བོད་རིགས་མང་ཚོགས་ལ་འོས་བསྡུའི་སྒྲིག་གཞིར་བསྐྱར་བཅོས་བྱུང་བ་ཁག་གི་སྐོར་ངོ་སྤྲོད་གསལ་བཤད་གནང་བ།

ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༢༤ རེས་གཟའ་ཟླ་བ། 

༄༅། །བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གིས་བཏང་གནས་ནང་འཁོད་དོན།  ༢༠༡༩ ཟླ ༦ ཚེས ༡༨ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དབུས་འོས་བསྡུའི་འགན་འཛིན་ཤོ་ཟུར་བསོད་ནམས་ཆོས་འཕེལ་མཆོག་ཕ་རན་སི་ནས་ཊོ་རོང་ཊོ་གནམ་ཐང་དུ་ཕེབས་འབྱོར་སྐབས། ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་བསོད་ནམས་གླིང་དཀར་ལགས་དང་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ལས་བྱེད་བསྟན་འཛིན་ཚེ་དཔག་ལགས། དེ་བཞིན་ས་གནས་མི་མང་བཅས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས།

ཕྱིས་ཚེས ༢༢ ཉིན་གྱི་ཉིན་རྒྱབ་ཆུ་ཚོད ༣ ཐོག་གངས་ལྗོངས་ཆོས་ལྡན་གླིང་གི་མི་མང་ཚོགས་ཁང་ཆེན་མོའི་ནང་ས་གནས་བོད་མི་མང་ཚོགས་ལ་འོས་བསྡུའི་སྒྲིག་གཞིར་བསྐྱར་བཅོས་སོང་བ་དེ་དག་གི་སྐོར་འགྲེལ་བརྗོད་དང་། དེ་བཞིན་འོས་བསྡུའི་སྒྲིག་གཞི་དང་འབྲེལ་བའི་ལམ་སྟོན་གསལ་བཤད་གཟབ་རྒྱས་གནང་རྗེས། ས་གནས་མང་ཚོགས་ཀྱི་དྲི་བ་རྣམས་ལ་ལན་འདེབས་དང་གསལ་བཤད་གནང་ཡོད་པ་རེད།

དེ་ཡང་དབུས་འོས་བསྡུའི་འགན་འཛིན་མཆོག་གིས། མ་འོངས་པར་སྲིད་སྐྱོང་དང་སྤྱི་འཐུས་གཉིས་ཀྱི་འོས་བསྡུའི་སྐབས་ཆོལ་ཁ་གསུམ་གྱི་སྒྲིག་འཛུགས་དང་ཆོས་བརྒྱུད། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྐྱིད་སྡུག་ཁག་ནས་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་གཞི་འདོན་པ་དང་གསལ་བསྒྲགས་རིགས་གཏན་ནས་མི་ཆོག་པའི་སྒྲིག་གཞི་ཁག་གི་སྐོར་ངོ་སྤྲོད་གནང་། དེ་བཞིན་འོས་བསྡུའི་སྐབས་དབུས་འོས་བསྡུ་ལས་ཁང་ནས་སྲིད་སྐྱོང་གི་དངོས་གཞིའི་འོས་གཞི་གཉིས་ལས་མ་ཉུང་བ་གསལ་བསྒྲགས་བྱེད་དགོས་པ་དང་། འོན་ཀྱང་སྔོན་འགྲོའི་འོས་བསྡུའི་སྐབས་འོས་མི་གཅིག་ལ་འོས་ཤོག་ཁྱོན་འབོར་བརྒྱ་ཆ་ ༦༠ ཡན་ཐོབ་ཡོད་ཚེ་དངོས་གཞིའི་ལས་རིམ་འགྲོ་མི་དགོས་པར་སྲིད་སྐྱོང་ལ་འདེམས་ཐོན་བྱུང་བར་ངོས་འཛིན་གསལ་བསྒྲགས་བྱ་རྒྱུ་ཡིན་པ་སོགས་ཀྱི་སྐོར་ངོ་སྤྲོད་དང་གསལ་བཤད་གནང་ཡོད།

 

ད་ལན་བོད་མིའི་སྒྲིགས་འཛུགས་ཀྱི་དབུས་འོས་བསྡུའི་འགན་འཛིན་མཆོག་ས་གནས་ཊོ་རོང་ཊོ་ལ་ཕེབས་ནས་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དང་འོས་བསྡུ་གནང་ཕྱོགས་སྐོར་མང་ཚོགས་ལ་གསལ་བཤད་གནང་བ་ཐེངས་དང་པོ་ཆགས་ཡོད།      འོས་བསྡུའི་འགན་འཛིན་མཆོག་ཕྱི་ཚེས ༢༣ ཉིན་ཁེ་ན་ཌ་ནས་ཨ་རིར་ཕེབས་ཐོན་གྱིས་ཕྱི་ཚེས ༢༩ ཉིན་ནིའུ་ཡོག་ས་གནས་བོད་རིགས་མང་ཚོགས་ལ་འོས་བསྡུའི་སྒྲིག་གཞི་དང་། སྲིད་སྤྱི་གཉིས་ཀྱི་འོས་བསྡུ་གནང་ཕྱོགས་སྐོར་གསུང་བཤད་གནང་རྒྱུ་ཡིན་པ་རེད། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གི་ལས་བྱེད་བསྟན་འཛིན་ཚེ་དཔག་ལགས་ལྷན་བཅར་ཞུས་ཡོད་པ་བཅས། །

Related Posts

keyboard_arrow_up